གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་རབ་འོག་མ་སྡེ་བའི་ཏང་ཀྲི་པུའུ་ཡི་གནས་ཚུལ་བཀོད་པ།
ཀྲུང་གོ་བོད་ཀྱི་དྲ་བའི《བདེ་སྐྱིད་ཀྱི་བཞུད་ལམ་ཁྲོད་ནས་ལོ་རྒྱུས་ཀྱི་འཕོ་འགྱུར་ལ་ཕྱིར་བལྟ་བྱེད》ཅེས་པའི་ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པའི་གསར་འགོད་ཚན་ཆུང་ཉི་ཟླ་རི་བོ་བརྒྱུད་དེ་རིག་སྨོན་རྩྭ་ཐང་གི་རིའི་རྒྱབ་ལོག་ཏུ་སླེབས་པ་ན། སོ་ཕག་དམར་པོས་བརྩིགས་པའི་ཁང་མིག་རེ་རེ་གཡུ་ཡི་མནྜལ་ཕྱིས་འདྲའི་རྩྭ་ཐང་ལ་སྐར་ཚོམ་གྱིས་ཕྲ་བཏབས་པ་ཇི་བཞིན་མངོན་པར་མཛེས་ལ། ལྷབ་ལྷུབ་ཏུ་བསྐྱོད་པའི་དར་ཆ་དམར་པོ་ཞིག་རབ་འོག་མའི་མཁའ་དབྱིངས་སུ་བཀྲགས་མདངས་རབ་ཏུ་འཚེར་བའི་ངང་བརྗིད་པར་སྣང་བ་ན། གནས་དེ་རུ། ཕྱུག་འགྱུར་གྱི་ལམ་ཁ་ལ་མདུན་སྐྱོད་ཀྱི་དཔུང་གདངས་སྦྲེལ་བའི་ཏང་ཡོན་སྐོར་ཞིག་གི་སྤོབས་སེམས་ཀྱི་གླུ་སྒྲ་ཡོད་ལ། གནས་དེ་རུ། མི་བུ་འཚོལ་སྙེག་ཅན་ཞིག་གི་ཕུགས་འདུན་གྱི་ལང་ཚོ་ལ་སྙིང་སྟོབས་ཀྱི་གསོན་ཤུགས་རྒྱས་པའི་མི་འཇིག་པའི་དམ་བཅའ་ཡོད།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་རབ་འོག་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དཔལ་མཁར་རྒྱལ།
རབ་འོག་མ་སྡེ་བའི་ཏང་ཀྲི་པུའུ་ལ་རྒྱལ་ཡོངས་གཞི་རིམ་ཏང་རྩ་འཛུགས་དང་མཚོ་སྔོན་ཞིང་ཆེན་གཞི་རིམ་ཏང་རྩ་འཛུགས་དཔེ་ལེགས་ཅན་གྱི་མཚན་སྙན་གནང་ཡོད་ལ། ཁོ་ཚོས་དུས་དང་རྣམ་པ་ཀུན་ཏུ་བློ་མཐུན་ཞིས་ཅིན་ཕེང་སྲོག་ཤིང་ཡིན་ཀྲུང་གོའི་དུས་རབས་གསར་བའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ།ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་འོག་ཕྱུག་འགྱུར་དམངས་ཕན་གྱི་བྱ་བ་ལེགས་པོར་བསྒྲུབས་ཏེ། དམངས་ལ་བདེ་སྐྱིད་བསྐྲུན་པ་དང་།དམངས་ཀྱི་ཡོང་སྒོ་འཚོལ་བ། དམངས་ཀྱི་འདུ་ཤེས་བཅོས་བསྒྱུར་དང་། དམངས་ཀྱི་དད་མོས་སྲ་བརྟན།དམངས་ཀྱི་འཚོ་བ་ཡར་ཐོན། དམངས་ཀྱི་བསམ་བློ་བཅིང་བགྲོལ། སྡེ་བ་མཐུན་སྒྲིལ་དང་མི་སེར་འཆམ་མཐུན།ཁོར་ཡུག་སྲུང་སྐྱོང་བཅས་ལ་ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་བཟང་པོ་བྱས་པ་ན་ཁོ་ཚོ་ནི་མཐུན་སྒྲིལ་དང་སྟོབས་ཤུགས་ཀྱིས་ཁེངས་པའི་རྩ་འཛུགས་ཤིག་གོ།
སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་དཔལ་མཁར་རྒྱལ་གྱིས་བཤད་རྒྱུར། ང་ཚོའི་སྡེ་བ་འདིར་མཚོན་ན་བཅོས་བསྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པའི་ཚུན་ལ། ངོ་མ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ལ། དཔེར་ན་སློབ་གསོ་དང་འཕྲོད་བསྟེན། འགྲིམ་འགྲུལ། ཆུ་གློག ཐོན་སྐྱེད་འཚོ་བ་གང་ཅིའི་ཐད་ནས་རང་བློར་དཔོག་དཀའ་བའི་འཕོ་འགྱུར་བྱུང་ཡོད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ཡང་དག་པའི་མགོ་ཁྲིད་ཀྱི་བཀའ་དྲིན་ཡིན་ལ། ཡང་གཅིག་བཤད་ན་ངེད་སྡེ་བའི་ཏང་ཀྲི་པུའུ་ཡི་ལྷག་བསམ་ཟོལ་མེད་དང་སྟོབས་ཤུགས་གཅིག་གྱུར་གྱི་སྣེ་ཁྲིད་ལའང་རག་ལས་ཡོད་ཅེས་བཤད།
རྒྱུས་ལོན་བྱས་པ་ལྟར་ན། གུང་ཧོ་རྫོང་རབ་འོག་མ་སྡེ་བའི་ཏང་ཀྲི་པུའུ་ནི་ཏང་ཡོན་བརྒྱ་དང་སུམ་ཅུ་ལྷག་གིས་གྲུབ་པ་དང་། ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་འོག་ཏང་གི་སྒྲིག་ཡིག་ལ་སློབ་སྦྱོང་ཡག་པོ་བྱས་ཏེ་ཏང་གི་སྒྲིག་སྲོལ་བརྩི་མཐོང་བྱེད་པ། སྡེ་དམངས་སྤྱི་སྲོལ་གཏན་འབེབས། རུལ་སུངས་སྔོན་འགོག མཐུན་སྒྲིལ་ཡར་སྐུལ། ཡ་རབས་གུས་སྲོལ་རྒྱུན་འཛིན། ཕྱུག་འགྱུར་ལམ་སྟོན་བཅས་ཀྱི་སྲོལ་ཡིག་རབ་དང་རིམ་པ་གཏན་ཁེལ་བྱས་ཏེ་སྔོན་ཐོན་དཔེ་ལེགས་ཅན་གྱི་སྡེ་བ་འཛུགས་སྐྲུན་བྱེད་པའི་གོམ་ཁ་ནམ་ཡང་ལྷོད་མ་མྱོང་ཞིང་། མང་ཚོགས་ཀྱི་འཚོ་བ་ཡར་ཐོན་ཐད་ཏང་རྩ་འཛུགས་ཀྱིས་ཐབས་བཀོད་སྣ་ཚོགས་འཐེན་པ་དང་། དཔེར་ན་སྐྱེ་ཁམས་ཕྱུག་ལས་མཉམ་ལས་བཙུགས་པ་དང་། མ་རྐང་ཡོང་འབབ་བགོ་བཤའ་རྒྱག་པ། ལག་རྩལ་སློབ་སྦྱོང་བྱེད་པ་དང་། ཞོར་ལས་ཡོང་འབབ་འཚོལ་བ། ཚོང་ལས་མཉམ་སྡེབས་དང་ཚོང་ཟོང་ནང་འདྲེན་བྱེད་པ། ཁོར་ཡུག་དག་གཙང་བྱེད་པ། རི་ཆུར་བདག་སྐྱོང་བྱེད་པ། དམངས་ཕན་དམངས་གཅེས་ཀྱི་བྱ་བ་རྒྱ་ཆེར་བསྒྲུབ་ཀྱིན་ཡོད།
ཧྲུའུ་ཅི་དཔའ་མཁར་རྒྱལ་གྱིས་བཤད་རྒྱུར། དང་ཐོག་སྡེ་བ་འདིར་མཚོན་ན་མང་ཚོགས་ཀྱི་བསམ་བློའི་གོ་རྟོག་དམའ་བའི་དབང་གིས་ཅུང་འཆམ་པོ་མིན་པ་དང་། ལྟ་བ་མཁྲེགས་འཛིན་བྱེད་པ། རིག་གནས་ཆུ་ཚད་ཞན་པ། ཐོན་སྐྱེད་རྗེས་ལུས་ཡིན་པ་སོགས་འཚོ་བ་ཐབས་རྡུག་ཡིན་མོད། ལོ་འདི་འགའི་རིང་ལ་ངེད་ཏང་ཀྲི་པུའུ་ཡིས་ཁོ་ཚོ་སྔོན་ཐོན་ས་ཆར་ལྟ་སྐོར་དུ་ཁྲིད་པ་དང་སློབ་སྦྱོང་ལ་མངགས་པ། ཟབ་སྦྱོང་སྤྲད་པ། མཉམ་མྱོང་བརྗེ་རེས་བྱས་པ། ཚོང་ལས་མཉམ་ལས་ལ་ཞུགས་སུ་བཅུག་པ་སོགས་ཀྱིས་མང་ཚོགས་རྣམས་གཉིད་ལས་དཀྲོགས་པ་ལྟར་ཕྱུར་འགྱུར་གྱི་ལམ་དུ་གོམ་ཆེན་ཧུར་གྱིས་སྤོ་ཐུབ་པར་གྱུར་ཡོད་ཟེར། གསར་འགོད་པས་ཁོ་ལ་མང་ཚོགས་ཀྱི་ལོ་རེའི་ཡོང་འབབ་འདྲི་བའི་སྒང་ལ། ཁོས་སྐད་གསེང་མཐོན་པོས”ལོ་འགའི་སྔོན་དུ་ངེད་སྡེ་བའི་མི་སེར་གཅིག་གི་ལོ་རེའི་ཡོང་སྒོ་སྒོར་ཆིག་སྟོང་ནས་ཉིས་སྟོང་ཡིན་ནའང་ད་ལོར་མི་རེའི་ཡོང་འབབ་སྒོར་ཆིག་ཁྲི་ཉིས་སྟོང་དུ་བུད་ཡོད”ཟེར།
ཁོས་བཤད་རྒྱུར། ང་ཚོ་འབྲོག་པ་ནི་གནའ་ནས་ནོར་ལུག་ལ་བརྟེན་ནས་འཚོ་བ་རོལ་བར་གོམས་པ་ཞིག་ཡིན་ནའང་། ངས་ད་ལོར་སྤོབས་པ་ཆེར་སྐྱེད་ཀྱིས་རྒྱལ་ནང་ཧྲན་ཏུང་ས་ཆ་ནས་བོང་བུ་སུམ་བརྒྱ་ལྷག་མྱོས་ཏེ་འཚོ་སྐྱོང་བྱེད་ཀྱིན་ཡོད་ལ། མ་འོངས་པ་ལ་ཅང་སུའུ་སོགས་ཀྱི་སྨན་གྱི་བཟོ་གྲྭ་ཆེ་ཁག་དག་ལ་མཉམ་འབྲེལ་བྱས་ཏེ་ཚོང་ལམ་བཙལ་འཆར་ཡོད། འདི་ནི་དང་ཐོག་ཀུན་གྱི་བློ་ངོར་དཔོག་ཐབས་བྲལ་བ་ཞིག་ཡིན་ནའང་རྗེས་མར་དང་ལེན་བྱེད་ཁོ་ཐག་ཡིན། གཙོ་བོ་ནི་འབྲོག་པ་མང་ཚོགས་རྣམས་ཀྱི་བསམ་བློ་འཆིང་འགྲོལ་དང་འདུ་ཤེས་བཅོས་སྒྱུར་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་ཞེས་བཤད། བཅར་འདྲའི་དུས་ཡུན་ཧ་ཅང་ཐུང་ནའང་ཁོས་བཤད་པའི་སྐད་ཆའི་ཚིག་འབྲུ་རེ་རེ་མཉམ་མྱོང་གིས་ཕྱུག་ཅིང་། ཁོས་སྒྲུབ་པའི་ལས་དོན་རེ་རེ་རྒྱལ་ཁ་དང་གྲུབ་འབྲས་ཀྱིས་ཁེངས་འདུག་པས། འཕེལ་རྒྱས་དང་མཆོང་སྐྱོད་ལ་རྩེན་པའི་དར་ཆ་དམར་པོ་ཞིག་རབ་འོག་མའི་མཁའ་མཐའ་རུ་ལྷབ་ལྷུབ་དང་ལྷབ་ལྷུབ་ངང་བསྐྱོད་ཀྱིན་མཆིས།